ཤེས་རིག་དཔར་ཁང་གི་གྲུབ་འབྲས།


ཕྱི་ལོ། ༡༩༦༡ ལོར་གསར་འཛུགས་གནང་སྐབས་སྐུ་སྒེར་གྱི་གཟིམས་ཆུང་ནས་གསོལ་རས་སྩལ་གནང་མཛད་པའི་བྱིན་རླབས་ཆེ་བའི་སྒོར་ཆིག་ཁྲི་ལྔ་སྟོང་ ༡༥༠༠༠་དང༌། ཕྱི་ལོག་ནས་བུ་ལོན་བླངས་ཏེ། དུད་གསར་རྡོ་ཐོག་མེ་འབུད་ལྟ་བུའི་དཀའ་ངལ་ཆེན་པོ་ཕྲད་ཡོད་ཀྱང༌། འགོ་ལས་ཡོངས་ནས་དཀའ་ངལ་ཁྲི་སྟོང་མང་པོ་ལ་གདོང་ལེན་བྱས་ནས། ཞོག་སྔ་ལངས་དང་དགོང་ཕྱི་ཉལ་བྱས་པའི་གྲུབ་འབྲས་སུ། བཙན་བྱོལ་བོད་གཞུང་གི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་སློབ་དེབ་འཛིན་རིམ་བཞིན་དཔར་བསྐྲུན་ཞུ་ཐུབ་པ་བྱུང་ཡོད། དེ་ནས་རིམ་བཞིན་ཡར་རྒྱས་ཅུང་ཟད་ཕྱིན་ཏེ་གཟུང་བསྡུས་སྟོད་སྨད་གཉིས། མདོ་སྡེ་བསྐལ་བ་བཟང་པོ། ཡུམ་རྒྱས་འབྲིང་བསྡུས་གསུམ་པོད་བཅུ་དྲུག་ཅན་དཔར་བསྐྲུན་ཞུ་ཐུབ་པ་བྱུང་སྟེ། རང་རིགས་རྣམས་ལྟ་ཅི་སྨོས། ཧི་མ་ལ་ཡི་རི་བརྒྱུད་དུ་གནས་པའི་དད་ལྡན་ཅན་གྱི་ནང་པ་རྣམས་ལའང་ཕན་ཐོག་ཤིན་ཏུ་ཆེན་པོ་བྱུང་ཡོད་ལ། དད་ལྡན་ཅན་དེ་དག་ཀྱང་ཤེས་རིག་དཔར་ཁང་གི་དངུལ་ཡོང་ཁུངས་ཀྱི་སྦྱིན་བདག་ལྟ་བུར་གྱུར་ཏེ་ཡར་རྒྱས་ཀྱི་རྦ་རླབས་གྱེན་ནས་གྱེན་དུ་འཕྱུར་འགོ་ཚུགས།

            དེ་ནས་རིམ་པ་བཞིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྷ་ས་ཞོལ་དཔར་མ་པོད་བརྒྱ་ཐམ་པ་དང༌། རྒྱལ་བའི་བཀའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེ་སྡེ་དགེའི་དཔར་མ་པོད་ཉིས་བརྒྱ་བཅུ་གསུམ་ཅན་དང༌། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་བཀྲ་ཤིས་ལྷུན་པོའི་དཔར་མ་པོད་སོ་བདུན་ཅན་དང༌། དེ་མཚུངས་སུ་ཕྱག་དཔེ་ཆེ་གྲས་རྣམ་གྲངས་སོ་ལྔ་ཙམ་ཤོག་བུ་སེར་པོའི་ཐོག་སྣག་ཚ་ནག་པོ་ཡིན་པ་མིག་ལ་མི་གནོད་པའི་ཁྱད་ཆོས་ལྡན་པར་དཔར་བསྐྲུན་ཞུ་ཐུབ་པ་བྱུང་ཡོད། གཞན་ཡང་དཔེ་རིང་དང་དཔེ་ཐུང་སོགས་རྣམ་གྲངས་བརྒྱ་དང་སོ་བདུན་ལྷག་ཡོད།

            ཡང་སུམ་རྟགས་སྐོར། སྙན་ངག་གི་སྐོར། མངོན་བརྗོད་སོགས་དང༌། ཚིག་མཛོད། རྣམ་ཐར། སྤྱིར་བཏང་དེབ་རིགས་འདྲ་མིན་སོགས་རྣམ་གྲངས་སུམ་བརྒྱ་ལྷག་དཔར་བསྐྲུན་དང་འགྲེམ་སྤེལ་ཞུ་ཐུབ་པ་དེ་དག་ནི་ཆོས་དང་རིག་གཞུང་ཤེས་ཡོན་རྣམས་ཀྱི་ཐོག་ལ་ཕན་ནུས་ལྡན་པའི་གྲུབ་འབྲས་གང་མཚམས་ཞིག་བཞག་ཡོད་པ་ནི་གཟུར་གནས་བློ་ལྡན་རྣམས་ཀྱི་མཁྱེན་པའི་མེ་ལོང་དུ་གསལ་བར་གྱུར་ཡོད་པར་བདག་གིས་སེམས་སོ།


 

Scroll to Top