ལས་དོན་དཔར་བསྐྲུན་གྱི་སྐོར།


བོད་གཞུང་ཤེས་རིག་དཔར་ཁང་ནས་དཔར་བསྐྲུན་ཐད། བོད་ཡིག་འཕྲུལ་དཔར་གྱི་ལས་གཞི་ཤེས་རིག་དཔར་ཁང་གསར་དུ་བཙུགས་སྐབས། སློབ་གྲྭ་ཁག་རིམ་བཞིན་གསར་འཛུགས་ཟིན་པ་དང་ཆབས་ཅིག་སློབ་གྲྭའི་འཛིན་གྲྭ་སོ་སོའི་དམའ་རིམ་བར་གྱི་བོད་ཡིག་སློབ་ཚན། ཆོས་སྲིད་གང་གི་ཐད་ནས་བོད་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་གོ་དོན་གཏིང་ཟབ་གནད་ཀྱི་སྙིང་པོ་འདུས་པའི་སློབ་དེབ་གསར་བརྩམས་དང༌། ཕྱོགས་བསྒྲིགས་ཟིན་པ་དེ་རྣམས་ཛ་དྲག་མྱུར་མགྱོགས་སུ་དཔར་བསྐྲུན་བྱེད་དགོས་པར་བརྟེན། དཔར་གཞི་འཕྲུལ་འཁོར་རྒྱ་གར་ནང་ཉོས་ཆོག་ཡོད་ནའང་ང་ཚོའི་སློབ་དེབ་ཚང་མ་བོད་ཡིག་དབུ་ཅན་གྱི་ཐོག་ཏུ་དཔར་བསྐྲུན་བྱ་དགོས་པས། སྐབས་དེར་རྒྱ་གར་ནང་སྔོན་ཆད་བོད་ཡིག་གི་ལས་ཀའི་དར་སྲོལ་ཧ་ལམ་མེད་པ་དང་མཚུངས་པར་བརྟེན། དཔར་ཁང་ཁག་ལ་ང་ཚོའི་སློབ་དེབ་དབུ་ཅན་གྱི་དཔར་བསྐྲུན་བྱ་ཡུལ་རྩ་བ་ནས་མེད་པས། སྐབས་དེར་ལྡི་ལིར་བཅའ་བཞུགས་རྒྱ་གར་བ་མཁས་དབང་ཌོག་ཊར་༼ ལོ་ཀི་ཤ་ཅན་རྡར་༽ ལ་བོད་ཡིག་དཔར་བསྐྲུན་ལས་ཀ་སྟབས་བདེ་ཞིག་ཡོད་པ་དེར་བཀའ་སློབ་ཞུས་པར། ཁོང་གིས་བོད་ཡིག་དབུ་ཅན་ལྕགས་འབྲུ་ཆེ་ཆུང་གི་ལུག་ཀོང་གསར་བཟོ་བྱེད་དགོས་པ་དང༌། དེ་ནས་འཕྲུལ་འཁོར་གྱི་བོད་ཡིག་དཔར་ཁང་ལས་གཞི་གསར་འཛུགས་བྱེད་དགོས་པའི་བཀའ་སློབ་གནང་བ་ཆ་རྐྱེན་ཚང་འཛོམས་ཀྱི་ལག་ལེན་གསར་སློབ་བྱ་རྒྱུར་མགོ་རྙོག་སྣ་མང་འཕྲད་ན་ཡང་ཨུ་ཚུགས་ཀྱིས་བསམ་བློའི་འཐབ་འཛིང་བྱས་ཏེ། སློབ་དེབ་དཔར་རྩ་རྣམས་ལྕགས་འབྲུའི་ཐོག་ནས་བཟོས་གནང་བྱུང་བ་དང༌། བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་ཕེབས་དགོངས་དོན་ལྟར་དཔར་བསྐྲུན་ཐུབ་པ་བྱུང་ཡོད།

            ཕྱི་ལོ་ ༡༩༦༡ ལོར་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་དང་པོ་ཆེད་འཛུགས་ཀྱིས་འཛིན་གྲྭའི་རིམ་པ་དང་འཚམས་ཤིང་ལམ་ལུགས་དང་མཐུན་པའི་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་ཁག་ལོ་རིམ་བཞིན་རྩོམ་སྒྲིག་བསྐྱར་ཞིབ་གནང་འགོ་བརྩམས་ཡོད། བཙན་བྱོལ་གྱི་དུས་ཡུན་རིང་བོད་མི་ན་གཞོན་རྣམས་ལ་སྤུས་ཚད་ལྡན་ཞིང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་བརྒྱུད་སྤྲོད་ཡོང་སླད་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་ལ་དུས་ནས་དུས་སུ་བསྐྱར་ཞིབ་དང་ལེགས་བཅོས་རིམ་བཞིན་གནང་ཡོད་པ་དཔེར་ན། ཕྱི་ལོ་ ༡༩༦༨ ལོར་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གཉིས་པ་བསྐོ་འཛུགས་ཀྱིས་འཛིན་རིམ་དྲུག་པ་ནས་བཅུ་གཅིག་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག་གནང་ཡོད། བསྐྱར་ཞིབ་བསྒྱུར་བཅོས་ཇི་གནང་ཐོག་དཔར་བསྐྲུན་འགྲེམ་སྤེལ་འཐུས་གཙང་གིས་དཔར་བསྐྲུན་ཞུ་ཐུབ་པ་བྱུང་ཡོད།


 

Scroll to Top