• ཤེས་རིག་དཔར་ཁང་གི་ལོ་རྒྱུས་སྙིང་བསྡུས།

    ༄༅། །ཤེས་རིག་དཔར་ཁང་ནི་སྤྱི་ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར།  ཕྱི་ལོ་ ༡༩༦༡ ཟླ་ ༠༥ ཚེས་༢༣ ཉིན་དབུ་འཛུགས་གནང་ཞིང་།  དགོས་དམིགས་གཙོ་བོ་ནི་རང་རེའི་བོད་ལྗོངས་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཕྲོག་ཐོག་རྩ་ཆེའི་ཆོས་དང་རིག་གཞུང་གི་གླེགས་བམ་ཆེ་ཕྲ་ཐམས་ཅད་རྩ་གཏོར་བཏང་དང་གཏོང་བཞིན་པ་རྣམས་སླར་གསོ་ཐུབ་ཐབས་དང་།  ལྷག་པར་རང་རིགས་བྱེས་འབྱོར་བཙན་བྱོལ་བའི་ན་གཞོན་ཕོ་མོ་རྣམས་ལ་རང་ཉིད་ཀྱི་ཆོས་དང་།  སྐད་ཡིག རྒྱལ་རབས་བཅས་ཚང་བའི་སློབ་དེབ་སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་ཡོངས་རྫོགས་དཔར་བསྐྲུན་མཁོ་གཏོང་ཞུ་རྒྱུ།  གཞན་ཡང་རང་རེ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཅན་གྱི་ཕྱི་ནང་མི་རིགས་ཀྱིས་གཙོས་དད་ལྡན་རྣམས་ཀྱི་དགོས་འདུན་ཆ་ཙམ་སྐོང་ཆེད་ཕྱི་ལོ་ ༡༩༦༡ ལོར་དཔར་ཁང་བཙུགས་པ་ནས་བཟུང་ཕྱི་ལོ་ ༢༠༢༣ ལོའི་བར་ཕྱི་ནང་གི་ཆ་རྐྱེན་ཚང་མིན་ལ་མ་ལྟོས་པར་ལས་བྱེད་རྒན་གཞོན་བར་གསུམ་ནས་འབད་བརྩོན་གང་ཐུབ་བགྱིས་ཏེ་སློབ་གྲྭ་ཁག་གི་སློབ་དེབ་རྣམས་དཔར་བསྐྲུན་དང་མདོ་སྔགས་རིག་གནས་དང་བཅས་པའི་དཔེ་ཚན་ཆེ་ཆུང་དཔར་བསྐྲུན་ཞུས་པ་དཔེར་ན།  ལྷ་སའི་ཞོལ་དཔར་མའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང་།  སྡེ་དགེ་དཔར་མའི་བསྟན་འགྱུར་ཆེན་མོ་ཆ་ཚང་།  ལྷ་སའི་ཞོལ་དཔར་མ་དང་བཀྲ་ཤིས་ལྷུན་པོའི་དཔར་མའི་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།  དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།  གཞན་ཡང་རྒྱལ་རབས་ཆོས་འབྱུང་འཁྲུངས་རབས་རྣམ་ཐར།  སྙན་ངག་དང་སུམ་རྟགས། ལམ་རིམ་དང་བློ་སྦྱོང་།  ཆོ་ག་ཕྱག་ལེན་སོགས་ཀྱི་སྐོར་དང་།  པདྨ་བཀའ་ཐང་།  བཀའ་ཐང་སྡེ་ལྔ།  ཀུན་བཟང་བླ་མའི་ཞལ་ལུང་།  སྡོམ་གསུམ་རབ་དབྱེ།  མི་ལའི་མགུར་འབུམ།  འབྲི་གུང་འཕོ་བ་ཆེན་མོ་ལ་སོགས་པ།  གཞན་ཡང་དམངས་ཁྲོད་དུ་བལྟ་ཀློག་དར་སྲོལ་ཆེ་བའི་ནོར་བཟང་རྣམ་ཐར་སོགས་རྩོམ་རིགས་དང་འཁྲབ་གཞུང་སྣ་ཚོགས་བཅས།  དཔེ་དེབ་རིགས་ཆེ་ཆུང་ ༡༣༠༠ ཙམ་དཔར་བསྐྲུན་དང་འགྲེམས་སྤེལ་ཞུས་ཐུབ་པ་འདི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བར་བརྟེན་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་མཛད་འཕྲིན་རྣམས་འགེགས་མེད་ལྷུན་གྱིས་འགྲུབ་པ་དང་།  བོད་རང་དབང་བདེན་པའི་ཉི་མ་མྱུར་དུ་འཆར་བའི་ཆ་རྐྱེན་དུ་འགྱུར་བའི་སྨོན་འདུན་ཞུ།