Yeshi

འཚོལ།

Custom Search

དཀར་ཆག

ལོ་རྒྱུད།

Author : Parkhang | Date : February 21, 2017 |

༄༅། །བོད་གཞུང་ཤེས་རིག་དཔར་ཁང་གི་ལོ་རྒྱུས་སྙིང་བསྡུས།

 

རྟེན་འབྱུང་རང་དབང་སྨྲ་བའི་སྟོན་པ་དང༌། །

རྒྱལ་བ་བཞིན་དུ་ལུང་བསྟན་ཙོང་ཁ་པ། །

ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོའི་སྡེས། །

དགེ་ལེགས་དངོས་པོའི་མེ་ཏོག་ཆར་དུ་སྙིལ། །

 

སྔོན་གྱི་ཆོས་རྒྱལ་ལོ་པཎ་ཐམས་ཅད་ཀྱིས། །

དཀའ་བརྒྱས་བསྒྲུབས་པའི་གཅེས་ནོར་རིག་གཞུང་རྣམས། །

མི་ཉམས་ཡུན་དུ་གནས་དང་སྤེལ་བ་ཡི། །

དཔར་ཁང་འདི་ཡི་ལོ་རྒྱུས་སྙིང་བསྡུས་བྲི། །

 

དེ་ལ་འདིར་བོད་གཞུང་ཤེས་རིག་དཔར་ཁང་གི་ལོ་རྒྱུས་སྙིང་བསྡུས་སུ་བརྗོད་པ་ལ་དྲུག་སྟེ། དང་པོར་དབུ་ཇི་ལྟར་བརྙེས་པའི་ཚུལ། དེ་ལྟར་དབུས་བསྙེས་དགོས་པའི་དམིགས་ཡུལ། དམིགས་ཡུལ་དེ་སྒྲུབ་པའི་ཆ་རྐྱེན། དམིགས་ཡུལ་སྒྲུབ་པ་པོ་འགན་འཛིན་བྱུང་རིམ། ཤེས་རིག་དཔར་ཁང་གི་གྲུབ་འབྲས། མ་འོངས་པའི་ལས་འཆར་རོ།།

དང་པོ། ཇི་ལྟར་དབུ་བརྙེས་པའི་ཚུལ།

བོད་གཞུང་ཤེས་རིག་དཔར་ཁང་འདི་དབུ་ཇི་ལྟར་བརྙེས་པའི་ཚུལ་ནི། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྩ་འགང་ཆེ་བའི་བཀའ་སློབ་དང་སྦྲགས། སྐུ་སྒེར་གཟིམས་ཆུང་ནས་མ་རྩ་གསོལ་རས་གནང་ཞིང༌། དེ་སྟེང་ཕྱི་ཁག་ནས་བུ་ལོན་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ཕྱི་ལོ་ ༡༩༦༡ ཟླ་ ༥ ཚེས་ ༢༣ ལ་ཐོག་མའི་དབུ་འཛུགས་གནང་ཞིང༌། དེ་ནས་བཟུང་སྟེ་བོད་ཀྱི་རིག་གཞུང་བཀའ་བསྟན་གཉིས་གཙོ་བོར་གྱུར་པའི་རྩ་འགང་ཆེ་བ་རྣམས་འཚོལ་སྡུད་ཀྱིས་བོད་ཡིག་བཀོལ་སྤྱོད་བྱེད་པའི་རང་གི་སྤྱི་ཚོགས་དང༌། དེ་ལས་གཞན་པའི་ཡུལ་གྲུ་དུ་མའི་ནང་དུ་འགྲེམ་སྤེལ་ཅི་ནུས་བྱེད་དང་བྱེད་བཞིན་པའི་སྒོ་ནས་བོད་ཀྱི་རིག་གཞུང་ལ་སྲི་ཞུ་བླ་ལྷག་ཏུ་བསྒྲུབས་ཅིང༌། ད་ལྟའི་ཆར་གཞུང་འབྲེལ་གྱི་ཚོགས་པའམ་ལས་ཁུངས་རྙིང་གྲས་ཤིག་ཀྱང་ཡིན་ནོ།།

 

གཉིས་པ། དེ་ལྟར་དབུ་བརྙེས་པའི་དམིགས་ཡུལ་དང་དགོས་མཁོ།

རང་རེའི་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྒྱ་ནག་དམར་ཕྱོགས་ནས་བཙན་འཕྲོག་བྱས་ཏེ། རྩ་ཆེའི་ཆོས་དང་རིག་གཞུང་གི་གླེགས་བམ་ཆེ་ཕྲ་ཐམས་ཅད་རྩ་གཏོར་བཏང་སྟེ་མིང་གི་ལྷག་མར་བཟོས་པའི་བཀའ་བསྟན་ལ་སོགས་པའི་གསུང་རབ་རྣམས་སླར་གསོ་ཐུབ་ཐབས་དང༌། ལྷག་པར་རང་རིགས་བོད་ཀྱི་མ་འོངས་པའི་སོན་རྩ་སློབ་ཕྲུག་རྣམས་ལ་ཆེད་དུ་དམིགས་ནས། རང་ཉིད་ཀྱི་ཆོས་དང་སྐད་ཡིག་རྒྱལ་རབས་ལོ་རྒྱུས་སོགས་ཚང་བའི་སློབ་དེབ་སྔོན་འགྲོ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་དང༌། དེ་ཡན་གྱི་སུམ་རྟགས་སྙན་གསུམ་ལ་སོགས་པའི་སྐོར་དང། མདོར་ན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་ཆུང་བཅུ་ཡི་སློབ་དེབ་ཉེར་མཁོའི་རིགས་ཡོངས་རྫོགས་དཔར་བསྐྲུན་མཁོ་འདོན་ཞུ་ཐུབ་པ་བྱ་རྒྱུ་དེ་ཤེས་རིག་དཔར་ཁང་གི་དམིགས་ཡུལ་ཡིན་ལ་དགོས་མཁོ་ཡང་ཡིན་ལ། བོད་ཀྱི་ཆོས་རིག་ལ་དོ་སྣང་ཅན་དང་རི་བོ་ཧི་མ་ལ་ཡི་རི་རྒྱུད་ལ་སོགས་པར་གནས་པའི་དད་ལྡན་ཕྱི་ནང་གི་མི་རིགས་རྣམས་ཀྱི་རེ་འདུན་ཆ་ཙམ་སྐོང་ཆེད་ཐུགས་མཁོ་བཀའ་མངགས་རྣམས་དཔར་བསྐྲུན་འགྲེམ་སྤེལ་ཞུ་ཐུབ་པར་ཡོད་ལ། རྗེས་སུའང་སྤུས་ཚད་ཇེ་ལེགས་ཐོག་མུ་མཐུད་དེ་དགོས་འདུན་བསྐོང་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་གཙོ་གཟུང་བྱས་ཡོད།

གཞན་ཡང་ད་ལྟའི་སྐབས་རྒྱ་གར་འཕགས་པའི་ཡུལ་དུ་རང་དབང་དམངས་གཙོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ཡར་རྒྱས་གོང་འཕེལ་གཏོང་ཐུབ་པར་འབད་བརྩོན་བྱ་བཞིན་དང༌། མ་འོངས་བོད་ཀྱི་བདེན་མཐའ་གསལ་སྐབས་ད་ལྟའི་ཤེས་རིག་དཔར་ཁང་གི་ལས་ཁུངས་ལྟེ་གནས་དེ་ལྷ་སར་འཛུགས་རྒྱུ་དང༌། ཡན་ལག་ལས་ཁུངས་ཁག་ནི་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་གྱི་ས་ཆ་གང་སར་གསར་འཛུགས་བྱ་རྒྱུའི་དམིགས་ཡུལ་ཞིག་ད་ལྟ་ནས་བཟུང་ཡོད།

 

གསུམ་པ། དམིགས་ཡུལ་བསྒྲུབ་པའི་ཆ་རྐྱེན།

གསུམ་པ་དམིགས་ཡུལ་བསྒྲུབ་པའི་ཆ་རྐྱེན་ལ་བཞི་སྟེ། ཤེས་དཔར་གྱི་ས་ཁང་དང་ས་གཞིས། ཤེས་དཔར་གྱི་འཛིན་སྐྱོང་གནས་སྟངས། ལས་བྱེད་གང་ཡོད་ཀྱི་གནས་སྟངས་སྐོར། ལས་དོན་དཔར་བསྐྲུན་གྱི་སྐོར་རོ།།

 

༼༡༽ ཤེས་དཔར་གྱི་ས་ཁང་དང་ས་གཞིས།

ཕྱི་ལོ་ ༡༩༧༥ ལོར་ཌལ་ཧོར་བདེ་དོན་ནས་ཤེས་རིག་དཔར་ཁང་དུ་འགན་འཛིན་དགའ་ཤར་བློ་བཟང་ཚུལ་ཁྲིམས་ལ་ཤེས་རིག་བཀའ་བློན་སྐུ་ངོ་ཀུན་བདེ་གླིང་མཆོག་ནས་བསྐོ་བཞག་ཕྱི་ལོ་༡༩༧༥།༥།༡ ཉིན་བསྩལ་སྐབས་ལས་བྱེད་པར་གླ་ཕོགས་རྩ་ཆད་དང་ཁང་བདག་ནས་ཁང་པའི་སྐོར་ཁྲིམས་གཏུགས་ཀྱིས་ཟླ་རེ་བཞིན་དུ་ཁྲིམས་ཁང་དུ་བསྟར་ཆགས་ལོ་གཉིས་རིང་འགྲོ་དགོས་སོགས་དཀའ་རྙོག་ཆེ་ཙམ་བྱུང་ཡོད་པ་མ་ཟད་ཤེས་དཔར་ཁང་གླ་དང༌། ལས་བྱེད་ཀྱི་ཕོགས། སློབ་དེབ་ཁྱོན་ཆེ་ལམ་སེང་དཔར་སྐྲུན་གྱི་ཆེད་དུ་ཤོག་བུ་སྣག་ཚ་གཏོས་ཆེ་དགོས་པར་བརྟེན། སྤྱི་སྒེར་ཁག་བཅུ་དགུ་ནས་དངུལ་བུན་བླངས་ཏེ། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་སྒོ་གསུམ་ཡོད་རྒུ་རྩལ་དུ་བཏོན་ཏེ་ལས་ཁུར་ཚགས་ཚུད་ཞུས་ཤིང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྣང་གཟིགས་སྐྱོང་ཆེན་པོས་གཟིམ་ཆུང་སྐུ་སྒེར་ནས་སྒོར། ༡༥༠༠༠།༠༠ གསོལ་རས་བསྩལ་གནང་བྱུང་བ་དེས་ཐུགས་བསྐྱེད་བྱིན་མཐུས། ལས་བྱུས་ལམ་ལྷོང་ཡར་རྒྱས་སུ་འགྲོ་ཐུབ་པ་བྱུང་བ་ལགས་ལ།

ཕྱི་ལོ་ ༡༩༧༩།༧།༧ ཉིན་ཤེས་རིག་དྲུང་ཆེ་སྐུ་ངོ་བློ་བཟང་བསྟན་འཛིན་རེག་ཀ་མཆོག་དང་ SMT.. R.K.BHARDVAJ   རྡ་ས་བོད་གཞུང་སྨན་རྩིས་ཁང་གི་གཤམ་འོག་ཏུ་ས་ཆ་རྒྱ་ཁྱོན་ KANAL – 11  MARLAS 14   ཁང་པ་ཞིག་སྤུས་གཟིགས་གནང་ཐུབ་པ་བྱུང་ཡོད་པ་རེད།

ཕྱི་ལོ་ ༡༩༧༩ ལོར་ཤེས་དཔར་སྤོ་བཞག་མ་བྱས་གོང་ཐུགས་དམ་སྙན་སེང་དང་སྦྲགས་ཆོས་ཕྱོགས་ཀྱི་བྱ་བ་རྣམས་ལེགས་བསྒྲུབས་ཀྱིས་ཁང་པ་གསར་པར་སྤོ་བཞག་གནང་ཐུབ་པའི་ལས་གཞི་ལམ་ལྷོང་བྱུང་ཡོད།

ཕྱི་ལོ་ ༡༩༨༨།༢།༢༦ ཉིན་བོད་གཞུང་ཤེས་རིག་དཔར་ཁང་གི་རྡ་སའི་ཁང་པ་ཨར་ལས་ཀྱིས་ལས་ཤག་དང་གསུང་རབ་གླེགས་བམ་བཞུགས་ཡུལ་ཁང་མིག་ཆུང་ངུ་ལྔ་བཅུ་ང་བརྒྱད་གསར་རྒྱག་བྱས་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༨༥།༩།༢༨ འཁོད་གནས་ནང་ཤེས་རིག་ལྷན་ཁང་ལ་ཤེས་དཔར་འགན་འཛིན་མཆོག་གིས་ཡིག་ངག་གཉིས་ཐོག་བལ་ཡུལ་དང་ལྡི་ལི་གཉིས་ལ་ས་ཁང་ཉོ་ཆོག་པའི་བཀའ་འཁྲོལ་སྙན་སེང་ཞུས་དོན་ལྟར་བཀའ་འཁྲོལ་བསྩལ་ཡིག་གནང༌།

ཕྱི་ལོ་ ༡༩༨༥།༡༡།༡༢ ཉིན་རྡ་ས་བཞུགས་སྒར་བོད་ཀྱི་ཤེས་རིག་ལྷན་ཁང་ཁྱབ་ཁོང་ཤེས་རིག་དཔར་ཁང་ནས་རིག་གཞུང་ཁྱབ་སྤེལ་ཆེད་བལ་ཡུལ་མཆོད་རྟེན་ས་ཁུངས་སུ་གཞིས་ཆགས་བོད་རིགས་བཀྲ་ཤིས་དོན་གྲུབ་ལག་ནས་ས་ཆ་ཕུ་གྲུ ༣༢x༣༠ རྒྱ་ཁྱོན་ཡོད་པའི་ནང་ཁང་པ་སྟེང་ཤོད་ཁང་མིག་བརྒྱད་དང་ནུབ་བརྒྱུད་ཁང་ཆུང་བཅས་སྤུས་གཟིགས་ཞུ་ཐུབ་པ་བྱུང་ཡོད་པ་མ་ཟད༌། ཤེས་དཔར་དཔེ་དེབ་ཚོང་ཁང་ཞིག་ཀྱང་ཁང་གླའི་ཐོག་ཏུ་ཡོད། བོད་འགྲུལ་ཚོས་ཕྱག་དཔེ་བླུ་ཡོན་འདི་ནས་ཞུས་ཚེ་བལ་ཡུལ་བར་དོ་པོ་བསྔོགས་བཤེར་དང་འགྲུལ་བཞུད་དཀའ་རྙོག་ཆེ་བར་བརྟེན་བལ་ཡུལ་དུ་ཤེས་དཔར་ཡན་ལག་གསར་འཛུགས་ཐུབ་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྙམ།

ཕྱི་ལོ་ ༡༩༨༦ ལོར་ལྡི་ལི་མ་ཇུ་ཀྲི་ལའི་ནང་བཞུགས་དམ་ཆོས་ལགས་ཀྱི་ཁྱིམ་ཚང་གཅིག་གི་ས་གཞི་ཨང་ ༢༢ ཅན་དང་གུར་རང་འགྲིགས་བོད་གཞུང་ཤེས་རིག་དཔར་ཁང་ནས་སྤུས་གཟིགས་གནང་འདུག

ཕྱི་ལོ་ ༡༩༨༧ ལོར་ཁང་པ་ཐོག་རྩེགས་གཉིས་ཅན་ལ། སྒོར་ཉིས་འབུམ་སུམ་ཁྲི་ཡིས་ཐོག་བརྩེགས་གསར་རྒྱག་ཞུས་འདུག་པ་དེ་དག་གིས་ལྡི་ལིའི་ཤེས་དཔར་ཡན་ལག་གི་ལས་ཁུངས་ལས་བྱེད་གཉིས་ཀྱི་ལས་ཤག་དང༌། བཀའ་འགྱུར་དཔར་བསྐྲུན་འཛིན་ཆས་རྣམས་ཉར་འཇོག་བྱེད་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༩༦།༡༡།༢༥ ཉིན་ཤེས་དཔར་འགན་ལྷན་ཐེངས་གཉིས་པའི་གྲོས་ཆོད་ནང་བཀའ་འཁྲོལ་ལྟར། ལྡི་ལི་ཤེས་དཔར་མ་ཇུ་ཀྲི་ལར་ཁང་པ་ཨང༌། ༢༢ ཐོག་རྩེགས་གཉིས་ཅན་དེའི་ཁྱིམ་མཚེས་ཁང་པ་གསར་དུ་རྒྱག་པར་ས་འོག་ཁང་པ་ Basement   བྲུས་རྐྱེན། ཤེས་དཔར་ཁང་པ་བབས་སྐྱོན་བྱུང་སྟེ་གས་ཆག་ཆེན་པོ་བྱུང་སྟབས་ཐོག་རྩེགས་བཞི་དང་ཕྱེད་ཀ་ཅན་གསར་རྒྱག་ལེགས་བསྒྲུབས་ཞུས་པའི་ཁང་ཁུངས་སྟེང་ཐོག་ནང་ཁྱིམ་ཚང་ཆེ་བས་ལས་ཤག་གསུམ་དང༌། དེ་འོག་ཐོག་རྩེགས་གཉིས་ནང་ཁྱིམ་ཚང་ཆུང་བའི་ཁང་མིག་ཐབ་ཚང་རང་འགྲིག་ཁང་མིག་བརྒྱད་བཅས་ལས་ཤག་གི་དཀའ་ངལ་སེལ་ཡོད། དེའི་འོག་ལས་ཁུངས་དང་ཤེས་དཔར་དཔེ་དེབ་ཚོང་ཁང་གསར་འཛུགས་བཅས་གནང་ཡོད།

ཕྱི་ལོ་ ༡༩༩༩།༥།༡༥ ཤེས་དཔར་འགན་ལྷན་ཐེངས་བརྒྱད་པ་གྲོས་ཆོད་དང་པོའི་ནང་གསལ། ལྡི་ལིར་དཔར་ཁང་གསར་འཛུགས་ཆེད་ཁང་པ་དང་ས་ཆ་སྤུས་གཟིགས་གནང་རྒྱུར་སྤྱི་མོས་ཐག་གཅོད་བྱུང་བ་ལྟར། འགན་འཛིན་ནས་ལྡི་ལིར་ལས་དོན་རྒྱ་བསྐྱེད་ཆེད་ས་ཁང་ཇི་དགའ་ཚོལ་ཞིབ་གནང་རྒྱུ་དང་རིན་འབབ་དང་ཡིག་ཆ་བཟོ་ཕྱོགས་སོགས་ཀྱི་ཐད་ཤེས་རིག་དང་གོ་བསྡུར་གྱིས་ཐག་གཅོད་གནང་ན་འཐུས་རྒྱུའི་ཐག་གཅོད་བྱུང་བ་བཞིན།

ཕྱི་ལོ་ ༡༩༩༩།༧།༢༩ ཉིན་ལྡི་ལི་ R-28, Ramesh Park, Laxmi Nagar, Delhi-110092. Mr. Zahir Ahmed  160 sqyds. ཅན་ས་འོག་རྩིས་པའི་ཁང་པ་ཐོག་བརྩེགས་ལྔ་ཛ་ཧིར་ཨེ་མདའ་བརྒྱུད། ༧༧༥༠༠༠༠སྒོར་ས་ཡ་བདུན་དང་འབུམ་བདུན་ཁྲི་ལྔ་ཡིས་མིང་བསྒྱུར་ཡིག་ཆ་སོགས་ཁམས་གཙང་ཐོག་སྤུས་གཟིགས་ཞུ་བ་བྱུང་ཡོད།

ཕྱི་ལོ་ ༢༠༠༠།༤།༢༧ ཉིན་ལྡི་ལི་ R-27, Ramesh Park, Laxmi Nagar, Delhi- 110092. Mr. Zahir Ahmed  160 sqyds. ཅན་ས་འོག་རྩིས་པའི་ཁང་པ་ཐོག་བརྩེགས་ལྔ་ཛ་ཧིར་ཨེ་མདའ་བརྒྱུད་སྒོར། ༨༠༥༠༠༠༠ས་ཡ་བརྒྱད་དང་ཁྲི་ལྔ་ཡི་ཐོག་སླར་ཡང་སྤུས་གཟིགས་ཞུ་ཐུབ་པ་བྱུང་ཡོད།

ལྡི་ལི་མཱ་ཇུན་ཀ་ཊི་ལར་ཚོང་ཁང་གཅིག་དང་ལས་ཤག་གཅིག་བཅས་ཡོད། དེ་དག་ཚང་མ་བོད་གཞུང་ཤེས་དཔར་ཁང་རང་ཉིད་ཀྱི་ས་ཁང་ཡིན།

དཔེ་དེབ་གསར་པ།

  • SB93འཛིན་རིམ་ལྔ་པའི་སྤྱི་ཚོགས་ཚན་རིག
  • GB177མཚར་གཏམ། ༣
  • SPC123གོས་ཆེན་གདོང་དར་ཆུང་བ།
  • SB25འཛིན་རིམ་དྲུད་པའི་དང་པོ་སྐད་ཡིག
  • GB106ཤེས་རིག་དུས་དེབ། ༢
  • SPC124དཔེ་རས།
  • SB26འཛིན་རིམ་དྲུག་པའི་གཉིས་པ་རྒྱལ་རབས་ཆོས་འབྱུང་།
  • GB107ཤེས་རིག་དུས་དེབ། ༣
  • SPC142དཔེ་རས་ཆུང་བ།
  • SB27འཛིན་རིམ་དྲུག་པའི་ཨང་རྩིས།

འབྲེལ་གཏུགས།

Sherig Parkhang Trust
R-27/28 Gali No 1
Ramesh Park, Laxmi Nagar
Delhi

Email:shepardelhi@gmail.com,
tcrpc@rediffmail.com
Telefax: 0091-11-22455634
Tel: 22453672