ཤེས་དཔར་གྱི་འཛིན་སྐྱོང་གནས་སྟངས།

སྐུ་ངོ་ཨོ་རྒྱན་ཚེ་རིང་ལགས་དང༌། བློ་བཟང་ཚུལ་ཁྲིམས་གཉིས་ཀྱི་སྐབས་སུ་ཤེས་རིག་ལས་ཁུངས་ཀྱིས་བཀའ་བཀོད་གཞི་བཟུང་ཐོག་འཛིན་སྐྱོང་གི་ལས་དོན་ཡོངས་རྫོགས་འགན་འཛིན་རང་ཉིད་ནས་གནང་གི་ཡོད། དངུལ་གྱི་སྟངས་འཛིན་ཀྱང་འགན་འཛིན་རང་ཉིད་ཀྱིས་བྱས་ཐུབ་ཀྱིན་ཡོད། དཔེར་ན། ཕྱི་ལོ་ ༡༩༩༢ ལོར་བཀའ་ཤག་ནས་བོད་ནས་གསར་འབྱོར་བ་རྣམས་ཀྱི་ཆེད་དུ་སྣེ་ལེན་མགྲོན་ཁང་གསར་རྒྱག་མཛད་སྐབས་ཨར་པོའི་ཞལ་འདེབས་འབོད་བསྐུལ་གནང་བ་ལྟར་བོད་གཞུང་ཤེས་རིག་དཔར་ཁང་ནས་སྒོར། ༣༠༠༠༠༠།༠༠ འབུམ་གསུམ་གནང་སྦྱིན་སྩལ་སྐབས་བཀའ་ཁྲོལ་ཞུ་མ་དགོས་པར་འགན་འཛིན་ནས་ཐག་གཅོད་ཐད་ཀར་གནང་གི་ཡོད།

འགན་འཛིན་ལས་ཚབ་པདྨ་རྒྱལ་པོའི་སྐབས་ཤེས་རིག་ལས་ཁུངས་ཀྱི་བཀའ་དགོངས་བཞིན་དམངས་གཙོའི་གཞུང་གི་འགྲོ་ལུགས་དང་མཐུན་པའི་བོད་གཞུང་ཤེས་རིག་དཔར་ཁང་གི་འགན་འཛིན་ལྷན་ཚོགས་གསར་འཛུགས་གནང་སྟེ། ཚོགས་ཐེངས་དང་པོ་ཕྱི་ལོ་ ༡༩༩༦ ཟླ་བ་ ༧ ཚེས་ ༢༤ ཉིན་ཤེས་དཔར་ཁང་དུ་བསྐྱངས་པའི་སྐབས་ཚོགས་མི་རྣམས་གཤམ་གསལ།

ཚོགས་གཙོ་ཤེས་རིག་བཀའ་བློན་ལྕམ་རིན་ཆེན་མཁའ་འགྲོ་མཆོག

  • ཚོགས་གཞོན་ཤེས་རིག་དྲུང་ཆེ་སྐུ་ངོ་དངོས་གྲུབ་ཚེ་རིང་མཆོག
  • དྲུང་ཆེ་ཤེས་དཔར་འགན་འཛིན་ལས་ཚབ་པདྨ་རྒྱལ་པོ་ལགས།
  • ཚོགས་མི་ཤེས་རིག་དྲུང་གཞོན་རི་ཁ་ལགས།
  • ཚོགས་མི་ཤེས་རིག་རྩིས་པ་བསོད་ནམས་ཚེ་རིང་ལགས།
  • ཚོགས་མི་ཤེས་དཔར་དྲུང་ཆེ་བློ་བཟང་དཀོན་མཆོག་ལགས།
  • ཚོགས་མི་ཤེས་དཔར་དཔར་བསྐྲུན་འགན་འཛིན་སྦྱིན་པ་རྒྱ་མཚོ་ལགས།
  • ཚོགས་མི་ཤེས་དཔར་དངུལ་གཉེར་བསྟན་འཛིན་དབང་རྒྱལ་ལགས་བཅས་ཤེས་རིག་དང་ཤེས་དཔར་གཉིས་ཀྱི་ཚོགས་མི་བཞི་རེར་ཚོགས་འདུ་བསྐྱངས་པ་དང་སྦྲགས། ཚོགས་མི་རྣམས་ཤེས་དཔར་གསུང་རབ་དང་ས་ཁང་བཅས་ལ་གཟིགས་སྐོར་ཕེབས་གནང་མཛད་ཡོད། དེ་ནས་བཟུང་ད་ལྟའི་བར་འགན་འཛིན་ལྷན་ཚོགས་ཐེངས་  ཚོགས་ཡོད། འོན་ཀྱང་ཚོགས་མི་རྣམས་ལ་མང་པོ་ཕྱིན་ཡོད་ཀྱང་ལྷན་ཚོགས་ཀྱི་ངོ་བོ་དང་འགན་དབང་ལ་འགྱུར་བ་མེད་པར་འཚོགས་མུས་ཡིན།

            གོང་གསལ་འགན་འཛིན་ལྷན་ཚོགས་དེ་ནི་ཤེས་རིག་དཔར་ཁང་གི་འཛིན་སྐྱོང་མཛད་བྱུས་ལམ་སྟོན་དང༌། དོན་གནད་གང་ཅིའི་ཐོག་ཐག་གཅོད་གནང་རྒྱུའི་འགན་དབང་ཆ་ཚང་ཡོད་པའི་ལྷན་ཚོགས་ཅིག་ཡིན།

            སྤྱིར་ཤེས་དཔར་གྱི་འཛིན་སྐྱོང་ས་མིག་ནི་འགན་འཛིན་དང༌། དྲུང་ཆེ། དྲུང་འཕར། རྩིས་པ། དངུལ་གཉེར། དཔར་སྐྲུན་འགན་འཛིན། ཡན་ལག་སྡེ་ཚན་ཁག་གི་འགན་འཛིན་བཅས་ཡིན། དེ་དག་གི་ས་མིག་རྣམས་འགན་འཛིན་ལྷན་ཚོགས་ནས་བཀའ་འཁྲོལ་ཡོད་པ་གང་ཞིག་ཤེས་དཔར་འགན་འཛིན་ནས་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཤེས་ཡོན་ཚད་ལྡན་ཁུངས་འཕེར་ལག་འཁྱེར་ཡོད་པ་ཞིག་འདེམས་རྒྱུགས་བསྐོ་བཞག་བྱ་དགོས་ཀྱི་ཡོད།