Yeshi

འཚོལ།

Custom Search

དཀར་ཆག

འགན་འཛིན་བྱུང་རིམ།

Author : Parkhang | Date : March 15, 2017 |

ཤེས་དཔར་གྱི་འགན་འཛིན་བྱུང་རིམ།

བོད་གཞུང་ཤེས་རིག་དཔར་ཁང་གི་འགན་འཛིན་རྣམ་པའི་སྐབས་བབས་དུས་ཡུན་ཐོག་ཕྱག་བསྟར་ཇི་གནང་གཤམ་གསལ།

ཤེས་དཔར་གྱི་འགན་འཛིན་དང་པོ་ཨུ་རྒྱན་ཚེ་རིང་མཆོག་ནི་ཤེས་རིག་དཔར་ཁང་དང་པོ་གསར་འཛུགས་སྐབས་ཀྱི་དབུ་ཁྲིད་དང་པོ་དེ་ཡིན། ཁོང་གི་སྐབས་ཚོགས་པ་གསར་པ་ཡིན་པས་དཔར་བསྐྲུན་གྱི་ཆ་རྐྱེན་མ་འཛོམ་པ་དང༌། ཚོགས་པ་ལ་དཔལ་འབྱོར་གྱི་དཀའ་ངལ། དཔར་བསྐྲུན་བྱ་རྒྱུར་ཉམས་མྱོང་མེད་པའི་དཀའ་ངལ་སོགས་གང་ཅིའི་ཐོག་ཁོང་ཉིད་ལ་སྐུ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་ཀྱང༌། དཀའ་ངལ་ལ་གདོང་ལེན་མཐའ་གཅིག་ཏུ་གནང་སྟེ་ཉིན་མཚན་སྟུད་མར་སྐུ་ལས་སྐྱོན་ཏེ། ད་ལྟའི་ཤེས་རིག་དཔར་ཁང་འདིའི་རྨང་གཞི་གདེངས་མཁན་ཡིན་པས་མཛད་རྗེས་ཅན་གྱི་དབུ་ཁྲིད་ཞིག་ལ་བརྩི་འོས་སྙམ། སྐབས་དེར་ཁོང་གི་ལུས་སེམས་གཉིས་ཀར་སྐུ་ངལ་ཚད་ལས་བརྒལ་བ་ཧ་ཅང་ཆེན་པོ་ཞིག་ཕྲད་ཡོད་པ་འདྲ། གང་ཡིན་ཟེར་ན་རྗེས་སུ་ཁོང་ལ་ཊི་ཝི་སྟེ་གློ་ནད་ཀྱི་སྙུང་གཞི་བཞེས་ཏེ་སྐུ་གཤེགས་པའི་གནས་ཚུལ་བྱུང་ཡོད།

            གཉིས་པ་སྐུ་ངོ་དམ་པ་བློ་བཟང་ཚུལ་ཁྲིམས་མཆོག་ནི་མཛད་རྗེས་ཤིན་ཏུ་ཆེ་བའི་ཤེས་དཔར་ཡར་རྒྱས་གོང་འཕེལ་གཏོང་མཁན་གྱི་དབུ་ཁྲིད་གཉིས་པ་དེ་ཡིན། ཁོང་གི་སྐབས་དྷ་རམ་ས་ལར་ས་ཁང་ཉོ་བསྒྲུབས་བྱས་ཏེ་ཁང་པ་མང་པོ་བརྒྱབ་སྟེ་ལས་ཁུངས་དང་ལས་ཤག་གང་ཅིའི་ཐོག་དཀའ་ངལ་ཆེན་པོ་དུ་མ་སེལ་ཡོད། སངས་རྒྱས་ཀྱི་གསུང་རབ་ལས་ཐོག་མར་ཡུམ་རྒྱས་འབྲིང་བསྡུས་གསུམ་དང༌། དེ་ནས་རིམ་པ་བཞིན་བཀའ་འགྱུར་ཆ་ཚང་དང༌། བཀའི་དགོངས་འགྲེལ་བསྟན་འགྱུར་པོད་སུམ་བརྒྱ་བཅུ་གསུམ་ཅན་དང༌། དེ་ནས་རྗེ་ཡབ་སྲས་གསུམ་སོགས་ཀྱི་གསུང་འབུམ་སོགས་དཔར་བསྐྲུན་འགྲིམ་སྤེལ་གནང་ནས་ཧ་ལས་དགོས་པའི་ཡར་རྒྱས་བཏང་སྟེ་ལོ་ངོ་ཉི་ཤུའི་རིང་གྲུབ་འབྲས་ལྡན་པའི་ཕྱག་ལས་གནང་ཡོད། རྒྱུ་མཚན་དེའི་ཕྱིར་ཁོང་ཉིད་ནི་བཀའ་དྲིན་རྗེས་དྲན་ཞུ་འོས་ཀྱི་རླབས་ཆེན་གྱི་དབུ་ཁྲིད་ཞིག་ཏུ་ངོས་འཛིན་ཞུ་ཆོག་སྙམ།

            གསུམ་པ་འགན་འཛིན་ལས་ཚབ་པདྨ་རྒྱལ་པོ་ལགས་ནི་འཇོན་ཐང་དེ་ཙམ་མི་ཆེ་ཡང་ཤེས་རིག་དཔར་ཁང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཤེས་རིག་ལས་ཁུངས་གིས་ཅི་གསུང་བཀའ་སྒྲུབ་ཞུ་མཁན་ཞིག་ཡིན། ཁོང་གི་སྐབས་སུ་ཤེས་རིག་ལས་ཁུངས་ཀྱིས་བཀོད་བྱུས་འོག་གཞུང་གི་འགྲོ་ལུགས་དང་མཐུན་པའི་སྔར་མེད་པའི་འགན་འཛིན་ལྷན་ཚོགས་ཞིག་གསར་འཛུགས་གནང་ཡོད།

            བཞི་པ་སྐལ་བཟང་གཡུ་རྒྱལ་ལགས་ནི་ཡིན་ལུགས་ཚུལ་མཐུན་གྱི་དབུ་ཁྲིད་ཅིག་ཡིན་ཀྱང༌། ཤེས་རིག་དཔར་ཁང་ལ་ལོ་ངོ་གཉིས་ཙམ་གྱི་རིང་ལ་ཕྱག་ལས་གནང་རྗེས་གནས་སྤོར་ཕེབས་དགོས་བྱུང་ཡོད། ཁོང་གིས་སྐབས་མ་ཇནུ་ཀ་ཊི་ལར་ཤེས་དཔར་གྱི་ཁང་པ་རྙིང་པར་གས་སྐྱོན་བྱུང་སྐབས་སླར་ཡང་གསར་བརྒྱག་བྱས་ཏེ་ཐོག་བརྩེགས་བཞི་དང་ཕྱེད་ཀ་ཅན་ཞིག་ལེགས་གྲུབ་བྱུང་ཡོད།

            ལྔ་པ་ཐུབ་བསྟན་དབང་རྒྱལ་ལགས་ནི་འཇོན་ཐང་སྐྱོན་མེད་ཙམ་ཞིག་ཡོད་ཀྱང༌། ཆེ་འདོད་ཧ་ཅང་ཆེ་བ་དང་དེ་བཞིན་རྒྱས་སྤྲོས་ཆེན་པོ་གནང་མཁན་གྱི་འགན་འཛིན་ཞིག་རེད། ཁོང་གི་སྐབས་ལས་བྱེད་དམངས་མང་ཆེ་བ་དང་ལྟ་བ་མ་མཐུན་པ་བྱུང་ནས་རྙོག་གྲ་ཡང་ཕྲན་བུ་བྱུང་མྱོང་ཡོད། ལྡི་ལི་ལཀྵི་མི་ན་གར་གྱི་ཁང་པ་ཨང་ ༢༨ ཅན་དེ་ཁོང་གི་སྐབས་སྤུས་གཟིགས་གནང་ཡོད་པ་རེད། དེ་ནི་མཛད་རྒྱས་ཞིག་ལ་ངོས་འཛིན་ཞུ་འོས་པ་ཞིག་རེད་སྙམ།

            དྲུག་པ་སངས་རྒྱས་བྱམས་པ་ལགས་ནི་དེང་དུས་ཀྱི་ཤེས་ཡོན་ཡོད་པ་གང་ཞིག་ལ་འཛིན་སྐྱོང་གྱི་ཉམས་མྱོང་ཡོད་པར་མ་ཟད་སྲིད་དོན་ལ་ཡང་མཁས་པ་ཞིག་རེད། ཁོང་གི་སྐབས་ལྡི་ལི་ལཀྵི་མི་ན་གར་གྱི་ཁང་པ་ཨང་ ༢༧ ཅན་དེ་སྤུས་གཟིགས་གནང་བ་དང་ཁང་པ་བརྒྱག་པ་དུས་མཉམ་དུ་བྱས་ཡོད། སྐབས་དེར་སྐུ་ངོ་རང་ཉིད་ཀྱི་ལས་ཤག་དེ་ལས་བྱེད་གཞན་གྱི་ལས་ཤག་དང་མི་འདྲ་བའི་དམིགས་གསལ་གྱིས་སྐུ་ངོ་རང་ཉིད་ཀྱི་འདོད་མོས་དང་མཐུན་པ་ཞིག་བཟོས་ཡོད། འོན་ཀྱང་ཁོང་ལ་སྙུང་གཞི་ཚབ་ཆེན་ཕོག་ནས་སྐུ་གཤེགས་ཏེ་རྒྱུན་རིང་བཞུགས་རྒྱུ་མ་བྱུང་བར་བློ་ཕམ་གྱི་གནས་སུ་གྱུར་ཏོ། །

            བདུན་པ་ལྷག་པ་ཚེ་རིང་ལགས་ནི་ཤེས་རིག་དཔར་ཁང་དུ་ཟླ་དགུ་ཙམ་ལས་བཞུགས་རྒྱུ་བྱུང་མེད། ཁོང་ལ་ཤེས་འཇོན་ཇི་ཙམ་ཡོད་མེད་བཤད་དཀའ་ན་ཡང་ཆེ་འདོད་དང་འཇིགས་འདོད་གང་ཡང་མེད་པར་སེམས་ཆུང་རྐང་ཡང་ཅན་ཞིག་རེད།

           བརྒྱད་པ་བློ་བཟང་དཀོན་མཆོག་ལགས་ནི་ཆོས་དད་ཧ་ཅང་ཆེ་བའི་ལས་ཁུངས་ཀྱི་འཛིན་སྐྱོང་ཡང་དཀོན་མཆོག་ལ་སྐྱབས་བཅོལ་ནས་གནང་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་ཀྱིན་འདུག ཁོང་གིས་གོང་རིམ་གྱིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་དེ་གལ་ཆེན་དོན་ཆེན་དུ་རྩིས་ནས་ཕྱག་ལས་གནང་བ་ལས་ཚོགས་པ་ཡར་རྒྱས་གཏོང་བར་དེ་ཙམ་གྱི་གསར་གཏོད་གནང་ཐུབ་མེད་ན་ཡང༌། ཤེས་རིག་ལྷན་ཁང་ནས་སྔ་གཡར་གནང་བའི་བུ་ལོན་རྣམས་ཕྱིར་འབུལ་ཞུ་ཐུབ་པ་བྱུང་ཡོད། 

 

དཔེ་དེབ་གསར་པ།

  • SB93འཛིན་རིམ་ལྔ་པའི་སྤྱི་ཚོགས་ཚན་རིག
  • GB177མཚར་གཏམ། ༣
  • SPC123གོས་ཆེན་གདོང་དར་ཆུང་བ།
  • SB25འཛིན་རིམ་དྲུད་པའི་དང་པོ་སྐད་ཡིག
  • GB106ཤེས་རིག་དུས་དེབ། ༢
  • SPC124དཔེ་རས།
  • SB26འཛིན་རིམ་དྲུག་པའི་གཉིས་པ་རྒྱལ་རབས་ཆོས་འབྱུང་།
  • GB107ཤེས་རིག་དུས་དེབ། ༣
  • SPC142དཔེ་རས་ཆུང་བ།
  • SB27འཛིན་རིམ་དྲུག་པའི་ཨང་རྩིས།

འབྲེལ་གཏུགས།

Sherig Parkhang Trust
R-27/28 Gali No 1
Ramesh Park, Laxmi Nagar
Delhi

Email:shepardelhi@gmail.com,
tcrpc@rediffmail.com
Telefax: 0091-11-22455634
Tel: 22453672